༄༅། །ན་མོ་གུ་རུ་ཨ་མི་ ཏཱ་བྷཱ་ཡ། མཚན་ཙམ་ཐོས་པས་འཚོ་བའི་དགྲའི། །མཆེ་བ་རི་མོའི་གནས་འགོད་པ། །བདེ་བ་ཅན་གྱི་སྟོན་པ་ལ། །བཏུད་ནས་ཚེ་དབང་མདོར་བསྡུས་བྲི། །ཚེ་བུམ་ཚེ་རིལ་ཚེ་ཆང་རྣམས་ཕྱག་ལེན་ལྟར་བཤམས། བདག་ [204B] ཡེ་ཤེས་པ་གཞུག་རྒྱས་གདབ། མཆོད་བསྟོད་བཟླས་པ་གཏོར་མ་ཕུལ། ཚེ་རིལ་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པའི་སྨན་སྣ་བཞི་བརྒྱ་རྩ་བཞི་ འདུས་པའི་བདག་ཉིད་བསྐྱེད་རིམ་ལ་བརྟེན་ནས་ཚེ་སྤེལ་བའི་དམ་རྫས་དང། ཚེ་ཆང་ཤ་ལྔ་བདུད་རྩི་ལྔ་སྦྱངས་རྟོགས་སྦར་གསུམ་བྱས་པའི་བདུད་རྩི་དང། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དང་ལྷན་ཅིག་པ་འཆི་བ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་རྫོགས་རིམ་ལ་བརྟེན་ནས་ཚེ་སྤེལ་བའི་དམ་རྫས་མཆོག་ཏུ་བསམས་ཏེ། གཟུངས་རིང་ཐུང་ཅི་རིགས་བརྒྱ་རྩ་ བཟླས་ནས་བསྒྲུབ། སློབ་མ་ཁྲུས་བྱས། མདུན་དུ་འདུག་མཎྜལ་ཕུལ་ལ། ཆོས་འདིའི་ཆེ་བ་དང་བརྒྱུད་པའི་ལོ་རྒྱུས་རྒྱས་བསྡུས་ཅི་རིགས་བརྗོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། ཞེས་སོགས་ཀྱིས་གསོལ་བ་ལན་ གསུམ་གདབ། དལ་འབྱོར་དོན་ཆེ་རྙེད་དཀའ་འཆི་བ་མི་རྟག་པ། ངན་སོང་གསུམ་གྱི་སྡུག་བསྔལ། ལས་རྒྱུ་འབྲས། འཁོར་བ་སྤྱིའི་སྡུག་བསྔལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་སོགས་རྒྱས་བསྡུས་ ཅི་རིགས་པ་བརྗོད། དོན་སྙིང་པོར་དྲིལ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཚེ་དབང་ཞུ་སྙམ་པའི་འདུན་པ་དང། དེའི་ངང་ནས་ [205A]༄༅། །འདུག་གནས་འདི་ཉིད་ཀྱང་ཐ་མལ་པའི་རྣམ་པ་ཅན་མ་ཡིན་པ་བདེ་བ་ཅན་ལྟ་བུའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རང་བཞིན་ཅན་གྱི་དབུས་སུ་ཚེ་བུམ་འདི་ཉིད་ཀྱང་ཕྱི་བུམ་པ་ལ་ནང་ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་བལྟས་ནང་གསལ་བ། ནང་བལྟས་ཕྱི་གསལ་བ། རྡོ་རྗེའི་ར་བ་མེ་རི་དང་བཅས་པའི་དབུས་སུ་རྨ་བྱས་བཏེག་པའི་ཁྲིའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ་བཅོམ་ ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་དགྱེས་པའི་འཛུམ་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་ན་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ ཙུགས་ཅན། དབུ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། དར་ལའི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་ བརྒྱན་པ། ལོངས་སྤྱོད་རྫོགས་པའི་སྐུ་ཅན། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྟེང་གི་ནམ་མཁའི་མཐོངས་སུ་ཆོས་སྐུ་སྣང་བ་མཐའ་ཡས་ནས་རྩ་བའི་བླ་མའི་བར་གྱི་ཚེ་དབང་ བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པར་གསལ་ཐོབ་ལ། དེ་རྣམས་ཀྱི་མདུན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་སྡིག་པ་བཤགས་ཤིང། དགེ་བ་ལ་ཡི་རང་བའི་སྒོ་ནས་སེམས་ [205B] དེའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ལ་སངས་རྒྱས་མ་ཐོབ་ཀྱི་བར་དུ་བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ལན་གསུམ་བརྗོད། དེ་ནས་བཛྲ་ཨ་མྲྀ་ཏས་སློབ་མའི་བགེགས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་ཆོ་ག་གསུམ་གྱིས་ཚེ་དཔག་མེད་དུ་བསྐྱེད། སྒོ་ གསུམ་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་འོད་ཟེར་དམར་པོ་རྩེ་མོ་ལྕགས་ཀྱུ་ལྟ་བུ་ཁམས་གསུམ་ཁྱབ་པར་འཕྲོས་པས། ཁྱེད་རང་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ འཆི་བདག་སོགས་གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས་ལ་ཕོག་པས། དེ་དག་གི་ལག་ནས་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་དབང་ཐང་ལ་སོགས་པ་བརྐུས་ཕྲོགས་ཁྱེར་ནས་ཡོད་པ་ཐམས་ཅད་ བཀུག་སྟེ་ཚེ་དཔག་མེད་ཀྱི་སྐུའི་ཆ་དང་ཕྱག་གི་བུམ་པར་ཐིམ། ཐིམ་པ་ལས་ཀྱང་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁྲིག་མེར་ གྱིས་གང་བས། ཚེ་ཡར་བ་ཉམས་པ་གྲུམ་པ་འཐོར་བ་རྣམས་སོར་ཆུད། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ཅིང། སློབ་དཔོན་གྱིས་ཀྱང་དེ་ལྟར་ [206A]༄༅། །བསྒོམས་ནས་ཨ་མ་ར་ཎི་བརྗོད་ཅིང་དྲིལ་བུ་གསིལ། སྤྲོ་ན་སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་ཀྱི་ཚེ་མི་གཞིག་པའི་རྡོ་རྗེར་གྱུར་ཅིག་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག་མི་འགྱུར་བའི་གཡུང་ དྲུང་དུ་གྱུར་ཅིག་ཅེས་ཤིས་པ་ཅི་རིགས་བརྗོད་ཅིང་མེ་ཏོག་གཏོར། འདི་ནི་ཚེ་དང་བསོད་ནམས་ཡར་བ་འགུགས་པ་ཞེས་བྱའོ། །སླར་ཡང་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ པས༑ འབྱུང་བ་ནམ་མཁའ་དང། རླུང་དང། མེ་དང། ཆུ་དང། ས་སྟེ་འབྱུང་བ་ལྷའི་རིགས་དང་རིགས་ཅན་ཐམས་ཅད་ཀྱི་བཅུད་དང་བཀྲག་མདངས་རྣམས་དང། ཁམས་གསུམ་གྱི་སེམས་ཅན་གྱི་མདོག་དང་སྟོབས་ དང་ཚེ་དང་བསོད་ནམས་ཐམས་ཅད་དང། དུས་དང་དུས་མ་ཡིན་པའི་འཆི་བདག་འཇོམས་པར་བྱེད་པའི་སྔགས་དང་ཏིང་ངེ་འཛིན་དང། སྨན་ལ་སོགས་པ་དང། འཆི་མེད་རིག་འཛིན་བརྙེས་པ་རྣམས་ཀྱི་འཆི་མེད་ ཚེའི་ཡེ་ཤེས་དང། གྲུབ་པ་ཐོབ་པ་རྣམས་ཀྱི་ཉམས་རྟོགས་དང། པཎྜི་ཏ་ལ་སོགས་པ་རྣམས་ཀྱི་ཤེས་རབ་དང། བཀྲ་ཤིས་ཀྱི་རྟགས་བརྒྱད་དང། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང། ཉི་མ་དང་ཟླ་བ་དང་གཟའ་དང་ རྒྱུ་སྐར་ལ་སོགས་པའི་གཟི་བརྗིད་དང། སྨན་དང་འབྲས་བུ་དང་རྩི་བཅུད་དང་ལོ་ཏོག་ལ་སོགས་པའི་ནུས་པ་དང་རོ་བཅུད་ཡོན་ཏན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་སྐུ་ལྔ་པའི་སྣམ་པར་བཀུག་མདུན་བསྐྱེད་ཀྱི་་ [206B] རྒྱས་པར་བྱེད་ན་འབྱུང་བ་བཞི་རེ་རེ་ནས་བྲལ་ཏེ་བྱའོ། །སླར་ཡང་བཅོམ་ལྡན་འདས་ཀྱི་ཕྱག་གི་བུམ་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ འཕྲོས་པས། བདེ་བ་ཅན་ནས་མགོན་པོ་ཚེ་དཔག་མེད་ཚེ་དབང་བརྒྱུད་པའི་བླ་མ་དང་བཅས་པ་དང། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས། འཆི་མེད་ཚེའི་བདུད་རྩི་དཀར་དམར་ མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ཀྱི་སྤྱི་བོ་མགྲིན་པ་ཐུགས་ཀ་གསུམ་དུ་ཐིམ། ཐིམ་པ་ལས་ཀྱང་འཆི་མེད་ཚེའི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། སློབ་མ་རྣམས་ ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཐིམ། ལུས་ཀྱི་ནང་ཐམས་ཅད་ཁྲིག་མེར་གྱིས་གང། ཚེ་ཐོག་མ་མེད་པ་ནས་གཞན་གྱི་སྲོག་བཅད་པ་སོགས་སྒོ་གསུམ་གྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་སྦྱངས། སྒོ་ གསུམ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པའི་སྒོ་ནས་འཆི་བ་མེད་པ་ཚེའི་དངོས་གྲུབ་། འཆི་བ་མེད་པ་ཚེའི་རིག་འཛིན་། འདི་ནི་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་དང། སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་ སྒོ་ནས་ཚེ་བསྲིང་བར་བྱེད་པའོ། །དེ་ནས་ཚེ་བསྟིམ་པ་ལ། བརྒྱ་རྩ་སོགས་བྱེད་དགོས་བྱུང་ཚེ། མདུན་བསྐྱེད་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཚེ་དབང་རེ་རེའི་མཇུག་ཏུ་བསྟིམ་པ་ཡིན་ཅིང། ལན་རེ་ [207A]༄༅། །ཙམ་ལ་བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཚེ་དཔག་མེད་སློབ་མའི་སྤྱི་བོར་སྤྱན་དྲངས། དེ་ལ་ཚེ་ཁྲིད་བརྒྱུད་པའི་གསོལ་འདེབས་སམ་བྱིན་གྱིས་རློབས་ཤིག་ཅེས་བཀའ་ བསྒོ་བྱས་པས། ཚེ་དབང་བརྒྱུད་པའི་བླ་མ་རྣམས་ཚེ་དཔག་མེད་ལ་ཐིམ། དེ་ཉིད་ཀྱི་སྐུའི་ཆ་དང་ཚེའི་བུམ་པ་ལས་ཚེའི་བདུད་རྩིའི་རྒྱུན་བབས། སློབ་མ་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ ཅད་མེར་གྱིས་གང་བས། ཚེ་ཐུང་འགྱུར་གྱི་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པས་དབང་པོའི་སྒོ་ཐམས་ཅད་ནས་ནག་ལྡུར་གྱིས་སོང། ལུས་ཤེལ་གོང་གཡའ་དག་པ་ལྟར་གྱུར། མཐར་སྤྱི་བོའི་ཚེ་ དཔག་མེད་དེ་ཉིད་ཚེའི་བདུད་རྩིའི་རྣམ་པར་ཞུ་སྟེ་སྤྱི་བོ་ནས་ཐིམ་པས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང། མགོན་པོ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དབྱེར་མི་ ཕྱེད་པར་གྱུར་ཏེ། འཆི་མེད་ཚེའི་རིག་པ་འཛིན་པའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཅེས་བརྡའ་སྤྲད་ལ་ཚེ་བུམ་མགོ་ཐོག་ཏུ་བཞག་གྲུབ་རྒྱལ་ལུགས་ཀྱི་བརྒྱུད་པ་རྒྱས་པའམ། ཉེ་བརྒྱུད་བྱེད་ན་ཐུན་མོང་མ་ཡིན་པའི་ ཚེ་ཁྲིད་བརྒྱུད་པ་ལྟར། ཆོས་སྐུ་སྣང་བ་མཐའ་ཡས། རྗེ་བཙུན་འཇམ་པའི་དབྱངས། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་ཆོས་ཀྱི་རྡོ་རྗེ། རྒྱལ་བ་ [207B] རྩ་བའི་བླ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་བར་གྱི་མཚན་ནས་སྨོས་པའི་བཀའ་བསྒོ་བྱས་ཏེ། ཨོཾ་སུ་པྲ་ཏིཥྛས་བརྟན་པར་བྱ། ཚེ་རིལ་དང། ཚེ་ཆང་སྦྱིན། སླར་ཡང་ཚེ་སྤེལ་བའི་ཕྱིར་ཤིས་པ་ བརྗོད། མེ་ཏོག་གི་ཆར་དབབ་པར་བྱའོ། །སྨྲས་པ། ལུས་ཅན་རྣམས་ལ་རང་སྲོག་ལས། །གཅེས་པའི་དངོས་པོ་གཞན་ཡོད་མིན། །དེ་ཕྱིར་དེ་ཉིད་དཀར་ཕྱོགས་ཀྱི། །ཟླ་ལྟར་སྒྲུབ་བྱེད་འདི་ན་ཀོ་དེ་ལས་འོངས་པའི་ རྣམ་དཀར་ནི། །བསིལ་འོད་ཀྱིས་བྱེ་ཀུ་མུ་ད། །འབར་བའི་མདངས་འདྲས་ཡིད་ཅན་ཀུན། །འཆི་བདག་གཡུལ་ལས་རྒྱལ་གྱུར་ཅིག་ཅེས་པ་འདི་ནི་གཞན་དོན་ལ་མངོན་པར་གཞོལ་བའི་དམ་པའི་གདུང་རིགས་དང་སྐུའི་ སྐྱེ་བ་ཉེ་བར་བཟུང་བ་གཞོན་ནུར་གྱུར་པ་རྣམས་དང། དགེ་བའི་བཤེས་གཉེན་གསར་བུ་བ་འགའ་ཞིག་ལ་ཡང་ཕན་པར་བསམས་ཏེ། དགེ་སློང་རྒྱལ་ཁམས་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མྱང་སྟོད་རིག་པའི་ འབྱུང་གནས་ཀྱི་སའི་ཆར་བཀོད་པའི་ཡི་གེ་པ་ནི་དགེ་ཚུལ་བློ་བཟང་ཕུན་ཚོགས་སོ།། །།